ISM (Institute of Science of Mind)
Happy 44th Birth Anniversary to 5th King.

༆ད་རིས་སྤྱི་ཟླ་ ༠༢ པའི་ཚེས་ ༢༡ གི་ཉིནམ་འདི་དཔལ་ལྡན་འབྲུག་པའི་མི་སེར་ཡོངས་ཀྱི་བདེ་སྐྱིད་ཀྱི་འབྱུང་གནས་དམ་པ་ དཔལ་མི་དབང་འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་འཇིག་རྟེན་གྱི་ཁམས་འདི་ནང་སྐུའི་མཚན་དཔེ་གསར་དུ་བཞད་པའི་ དུས་ཆེན་ཁྱད་པར་ཅན་ཅི་ཨིན། ཁྱད་དུ་འཕགས་པའི་དུས་ཆེན་དང་བསྟུན་ མི་དབང་མཆོག་སྐུ་ཚེ་ཞབས་པད་བརྟན་ཏེ་ ཕན་བདེའི་མཛད་འཕྲིན་ཕྱོགས་ཀུན་ཁྱབ་པའི་སྨོན་ལམ་དང་ ཐུགས་དགོངས་ལྷུན་གྱིས་གྲུབ་པའི་ཆེད་དུ་གཙོ་འཛིན་གྱིས་གཙོས་ལེགས་བཤད་པ་དང་སློབ་ཕྲུག་ཡོངས་ཀྱིས་གུས་བཏུད་བརྩི་སྲུང་ཞུ་ཡོད་པའི་གནས་ཚུལ།

༄། །ཆོས་ཀྱི་རྒྱལ་པོ་དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ཞབས་བརྟན་གསོལ་འདེབས་སྐལ་བཟང་ཆོས་ཀྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

སྟོབས་བཅུ་མི་འཇིགས་མ་འདྲེས་ཀུན་གྱི་གཞི། །ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་དང༌། །འཆི་མེད་རིག་འཛིན་གྲུབ་པའི་ཚོགས་རྣམས་ཀྱིས། །དེང་འདིར་བདེན་ཚིག་འགྲུབ་པའི་ཤིས་པ་སྩོལ། །སྦས་ཡུལ་གསང་ཆེན་འོག་མིན་ཞིང་འདིའི་མགོན། །ཨོ་རྒྱན་པདྨའི་ཐུགས་བཅུད་གེ་སར་ཏེ། །ལུང་བསྟན་བྱིན་རླབས་ཟིལ་དངར་སྙིང་པོ་ཅན། །མི་ཤིགས་གཉུག་མའི་ངོ་བོར་ཞབས་བརྟན་གསོལ། །དཔལ་ལྡན་འབྲུག་པའི་རྒྱལ་ཁབ་སེང་གེའི་ཁྲིར། །ངག་གི་དབང་པོ་རྣམ་པར་རྒྱལ་བ་ཡི། །སྐུ་གསུང་ཐུགས་ཀྱི་རྒྱལ་ཚབ་ཉིད་གྱུར་པ། །འགྱུར་མེད་རྡོ་རྗེའི་ངོ་བོར་ཞབས་བརྟན་གསོལ། །ལས་མགོན་བྱ་རོག་གདོང་གིས་སྲུང་བའི་མཐུས། །ལུགས་གཉིས་ཁྲིམས་ཀྱིས་སྐྱེ་འགྲོ་དབང་དུ་བསྒྱུར། །གཞན་དོན་བསྡུ་བཞིའི་འཕྲིན་ལས་དཔལ་གྱིས་ཕྱུག །ཕྱོགས་ལས་རྣམ་རྒྱལ་ངོ་བོར་ཞབས་བརྟན་གསོལ། །འཆི་མེད་གྲོང་གི་བདག་པོས་ལྷའི་སྲས་ཞེས། །མཐོ་རིས་བདེ་སྐྱིད་སྤེལ་བའི་བྱེད་པོ་རུ། །ས་སྟེང་མི་ཡི་རྗེ་བོར་མངགས་པས་ན། །མཐའ་ཡས་འགྲོ་བའི་མགོན་པོར་ཞབས་བརྟན་གསོལ། །ཆོས་ཀྱི་རྒྱལ་པོའི་འཁོར་ལོ་རྣམ་པ་བཅུས། །སྐྱེ་དགུའི་ཚོགས་རྣམས་བདེ་བར་སྐྱོང་བ་ལ། །འཇིག་རྟེན་ཁམས་འདིར་མཚུངས་ཟླ་མ་མཆིས་པས། །སྨན་ལྗོངས་གཙུག་གི་ནོར་བུར་ཞབས་བརྟན་གསོལ། །འཕགས་པའི་ཡུལ་ན་ཆོས་རྒྱལ་མྱ་ངན་མེད། །གངས་ལྗོངས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི། །རྣམ་ཐར་ཉི་མའི་འོད་ལ་འགྲན་བཞིན་དུ། །སེང་གེའི་ཁྲི་ལ་བསྐལ་བརྒྱར་ཞབས་བརྟན་གསོལ། །མཚན་དཔེའི་སྐུ་མཆོག་དབུ་འཕང་དགུང་ལས་མཐོ། །ཚངས་དབྱངས་གསུང་གིས་འགྲོ་རྣམས་བདེ་ལ་བཀོད། །བྱམས་བརྩེའི་ཐུགས་ཀྱིས་བུ་བཞིན་གཟིགས་པ་ཡི། །དགེ་བས་འཛམ་གླིང་བདེ་ཞིང་སྐྱིད་པར་ཤོག །སྔོན་བསགས་ལས་སྨོན་བཟང་པོའི་རྟེན་འབྲེལ་གྱིས། །ད་ལྟ་རྒྱལ་བློན་འབངས་འཁོར་མ་ལུས་པ། །དམ་ཚིག་གཅིག་ཏུ་སྦྲེལ་བའི་བདེན་མཐུ་ཡིས། །ཞི་བདེ་འཛམ་གླིང་ཡོངས་ལ་ཁྱབ་པར་ཤོག །ཕྱི་ཡི་དཔལ་འབྱོར་ཙམ་ལ་མ་ལྟོས་པར། །ནང་གི་སེམས་ཀྱི་བདེ་སྐྱིད་སྤེལ་བའི་ཐབས། །ཇི་ལྟར་ཁྱོད་ཀྱིས་ཕྱེ་བའི་ལམ་བཟང་པོར། །འགྲོ་བ་ཀུན་ཀྱང་འཇུག་པའི་མཐུ་ལྡན་ཤོག །མཆོག་གསུམ་ཐུགས་རྗེ་བསླུ་བ་མི་མངའ་ཞིང་། །བདག་ཅག་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །རྒྱལ་བརྒྱུད་མི་ཉམས་ཡུན་དུ་གནས་པ་དང་། །རྒྱལ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །

 

As the nation celebrates the auspicious birth anniversary of our beloved king, we join the people of Bhutan in offering our prayers for the good health and long life of our King.